Manage episode 494611625 series 119617
རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་མཐུན་འགྱུར་འོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྩིས་ལོ་ ༢༠༢༥།༢༠༢༦ ལོའི་ཚོགས་འདུ་ཐེངས་དང་པོ་དེ་བསྐོང་ཚོགས་གནང་འདུག་པ་དང་། ཚོགས་འདུ་དེའི་ཐོག་ཧིན་བོད་གཉིས་ཀྱི་འབྲེལ་ལམ་གྱི་གལ་གནད་སྐོར་གླེང་སློང་དང་། ལྷག་དོན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་གཞོན་སྐྱེས་རྣམས་ཀྱི་མཉམ་ཞུགས་ཇེ་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༡༢ ཉིན་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་གྱི་མཐུན་འགྱུར་འོག་ལྡི་ལི་སྐུ་ཚབ་དོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་ཀྱི་གཙོས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་མི་ ༡༣ ཙམ་ལྷན་ཞུགས་ཐོག་ཚོགས་འདུ་ཞིག་འཚོགས་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་དང་སྙིང་རྗེའི་བཀའ་སློབ་རྣམས་རྒྱ་གར་སྤྱི་ཚོགས་ནང་ཁྱབ་སྤེལ་ཤུགས་ཆེ་གཏོང་དགོས་པའི་གལ་གནད་དང་། བོད་ཀྱི་གནད་དོན་དེ་བོད་མི་ཁོ་ན་མིན་པར་འཕགས་བོད་གཉིས་ཀའི་སེམས་འཚབ་བྱ་ཡུལ་ཞིག་ཡིན་པ་ནན་བརྗོད་དང་འབྲེལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལས་འགུལ་ནང་གཞོན་སྐྱེས་མཉམ་ཞུགས་ཇེ་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་འདུག མ་ཟད་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས། ཧིན་བོད་གཉིས་ཀྱི་འབྲེལ་ལམ་གྱི་གལ་གནད་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མ་ཡིས་བོད་ནང་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུར་ནུས་པ་གང་ཡོད་སྤུངས་བཞིན་པ་གསལ་སྟོན་གནང་བ་མ་ཟད། ཚོགས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་སྲུང་བརྩི་ཞུས་བཞིན་པའི་བྱམས་བརྩེའི་ལོ་ཞེས་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་སྐུལ་འདེད་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཚོགས་འདུ་དེའི་ཐོག་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཙོ་བོ་མ་འོངས་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ལས་དོན་ཐོག་གྲོས་བསྡུར་ལྷུག་པོ་བྱུང་བ་མ་ཟད། ལྷག་དོན་དུ་ཟླ་བ་རྗེས་མར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ དེ་ཚོགས་གཏན་འཁེལ་ཡོད་སྟབས་དེའི་ཐོག་ལ་གྲོས་བསྡུར་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་ཚོགས་འདུ་དེ་འགོ་འཛུགས་མ་ཞུས་ཉིན་གཅིག་གོང་སྟེ། འདི་ཚེས་ ༡༡ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་མི་རྣམས་ལྡི་ལའི་ Constitution Club of India ཞེས་པའི་ཚོགས་ཁང་དུ་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ཀྱིས་གོ་སྒྲིག་གནང་བའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་རྣམས་ཀྱི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་སྐབས་མཉམ་ཞུགས་གནང་འདུག་ཅིང་། ཉིན་རྒྱབ་ལྡི་ལི་བོད་ཁང་གིས་གོ་སྒྲིག་གནང་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩིའི་མཛད་སྒོར་ཕེབས་ཞུགས་གནང་ཡོད་པ་རེད་འདུག
The post བོད་དོན་རྒྱབ་སྐྱོར་ཚོགས་པས་གཞོན་སྐྱེས་མཉམ་ཞུགས་ཇེ་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག appeared first on vot.
11 episodes